སྐྱབས་རྗེ་ནུབ་པ་རིན་པོ་ཆེ་མཆོག་ནས་སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་སྐོར་གསུངས་བ།

2020-01-09
གློག་འཕྲིན།
མཆན།
Share
པར་བཀོད།
སྒོམ་རྒྱག་རྒྱུ་དེ་རྒྱུན་གཏན་གྱི་འཚོ་བའི་ནང་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད།
སྒོམ་རྒྱག་རྒྱུ་དེ་རྒྱུན་གཏན་གྱི་འཚོ་བའི་ནང་ལུས་སེམས་ཀྱི་འཕྲོད་བསྟེན་ལ་ཕན་ཐོགས་ཆེན་པོ་ཡོད།
བློ་བཟང་།

༄༅། །སྒོམ་རྒྱག་རྒྱུ་དེ་ཞི་ལྷག་ཟུང་དུ་འཇུག་སྟེ་བདག་མེད་རྟོགས་པའི་ཤེས་རབ་རྒྱུད་ལ་སྐྱེ་ཐབས་ཙམ་དུ་མ་ཟད། རྒྱུན་གཏན་གྱི་འཚོ་བའི་ནང་ལུས་སེམས་ཀྱི་འཕྲོད་བསྟེན་ལའང་ཧ་ཅང་གིས་ཕན་ཐོགས་ཆེན་པོ་ཡོད་པ་རེད་འདུག སྤྱིར་སྟངས་སྒོམ་ཞེས་པ་ནི་དྲན་ཤེས་བཞིན་གྱི་ལྟ་སྲུང་འོག་སོ་སོའི་སེམས་པ་ཆགས་སྡང་དང་། རྣམ་གཡེང་སོགས་ཀྱི་དབང་དུ་མ་བཏང་བར་དམིགས་པ་ཞིག་ལ་སེམས་རྩེ་གཅིག་ཏུ་གནས་ཐབས་ཤིག་ཡིན་པ་དང་། དེ་ལ་དཔྱད་སྒོམ་དང་འཇོག་སྒོམ་གཉིས་དང་། ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་སྒོམ་ཞེས་གཉིས་བཅས་ཡོད་པ་རེད་འདུག །དེའི་ཐད་སྐུ་ཚེ་གང་བོར་སྒོམ་སྒྲུབ་ཀྱི་ཉམས་ལེན་ལ་བསྐྱལ་ཞིང་། ལྷག་པར་དུ་ལ་ཕྱི་གངས་ཀྱི་རྭ་བར་སྔ་རྗེས་བསྡོམས་ལོ་ངོ་བརྒྱད་ཙམ་རིང་རི་ཁྲོད་འགྲིམས་མྱོང་མཁན་སྐྱབས་རྗེ་ནུབ་པ་རིན་པོ་ཆེ་མཆོག་ནས་གསུང་དོན། དེང་གི་ཆར་འཛམ་གླིང་གང་སར་སྒོམ་རྒྱག་པའི་དར་སྲོལ་ཆེན་པོ་ཡོང་གི་ཡོད་པ་དང་། དེའི་ནང་ནས་ཀྱང་སྐྱ་བོའི་སྡེ་ཚན་ནང་ཧ་ཅང་གི་མང་པོ་ཡོང་གི་ཡོད་ཀྱང་། དེ་དག་ཕལ་ཆེ་བས་ནང་པའི་གཞུང་ནས་བཤད་པའི་ཞི་ལྷག་ཟུང་འཇུག་གིས་བདག་མེད་རྟོགས་པའི་ཤེས་རབ་སྐྱེས་ཏེ་འཁོར་བའི་རྩ་བ་གཅོད་ཐུབ་པའི་སྒོམ་མཚན་ཉིད་པ་ཞིག་ཆགས་ཀྱི་མེད་ཀྱང་གནས་སྐབས་ཞི་གནས་སྒོམ་སྟོབས་ཀྱིས་འཆར་སྣང་མི་འདྲ་བ་རེ་དང་རྟགས་མཚན་མི་འདྲ་བ་རེ་ཡོང་ཐུབ་ཀྱི་ཡོད་པ་རེད་འདུག སྒོམ་དེ་ཡང་མདོ་དང་བསྟན་བཅོས་སོགས་ལས་ཤེས་པ་དང་། བླ་མ་དང་སློབ་དཔོན་སོགས་ཀྱི་མདུན་ནས་གོ་བ་ལས་ལག་ལེན་དངོས་ཀྱི་ཐོག་ནས་མྱོང་བ་ཐོབ་ན་ལས་དོན་གང་འདྲ་ཞིག་ཡིན་ན་འབྲས་བུ་ཐོབ་པར་ཁྱད་པར་ཧ་ཅང་གིས་ཆེན་པོ་ཡོད་རེད་འདུག དམ་པའི་ཆོས་ཕྱོགས་ནས་བཤད་ན་བདག་འཛིན་གྱི་འཁྲི་བ་ཆོད་དེ་སངས་རྒྱས་ཀྱི་གོ་འཕངས་ཐོབ་ཐུབ་པའི་ནུས་པ་ལྡན་པས་སྒོམ་འདི་ཧ་ཅང་གིས་གལ་གནད་ཆེན་པོ་ཡིན་པ་མ་ཟད། སྤྱིར་སྟངས་མི་རྣམས་ཀྱི་རྒྱུན་གཏན་གྱི་འཚོ་བའི་ཐད་ལུས་སེམས་བདེ་ཐང་ངང་གནས་ཐབས་ལའང་གལ་གནད་ཆེན་པོ་ཞིག་ཆགས་ཡོད་པ་རེད་འདུག སྒོམ་རྒྱག་པ་ནི་སེམས་འདུལ་བའི་ཐབས་ཤིག་ཡིན་པས་ཕྱི་ལུས་ཀྱི་སྟེང་ནས་རྣམ་སྣང་ཆོས་བདུན་དང་ལྡན་པའི་ཐོག་སེམས་གནས་པའི་ཐབས་དགུ་བཅས་ལ་བརྟེན་ཏེ་རིམ་བཞིན་སེམས་རྩེ་གཅིག་ཏུ་གནས་པ་བྱེད་རྒྱུ་ཡིན་པ་དང་། སྒོམ་རྒྱག་ནས་ཡུན་རིང་གོམས་འདྲིས་སུ་གྱུར་སྐབས་སེམས་ལྷོད་ཤིག་ཤིག་གི་རྣམ་པ་སོགས་རྟགས་མཚན་མ་འདྲ་བ་མང་པོ་ཞིག་ཡོང་གི་ཡོད་པ་རེད་འདུག དེའི་ཐད་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཀྱི་གྲྭ་པ་མགོན་པོ་རྡོ་རྗེ་ལགས་ནས་འགྲེལ་བརྗོད་གནང་དོན། སྐྱབས་རྗེ་ནུབ་པ་རིན་པོ་ཆེ་མཆོག་ནི་སྤྱི་ལོ་༡༩༩༢ ལོར་བཙན་བྱོལ་དུ་ཕེབས་ཏེ་ལ་ཕྱི་གངས་རི་རྭ་བར་སྐུ་མཚམས་ལ་སྔ་ཕྱི་བསྡོམས་ལོ་བདུན་བརྒྱད་ཙམ་བཞུགས་མྱོང་ཡོད་པ་མ་ཟད། རྒྱུན་གཏན་ནས་སྒོམ་སྒྲུབ་ཉམས་ལེན་ལ་རྩེ་གཅིག་ཏུ་གཞོལ་མཁན་ཞིག་ཡིན་པ་དང་། ལྷག་པར་དུ་འཛམ་གླིང་ས་ཕྱོགས་མང་པོ་ཞིག་ལ་ཆེད་དུ་ཕེབས་ཏེ་དད་ལྡན་ཆོས་ཞུ་བ་མང་པོ་ཞིག་ལ་ལྔ་ལྡན་གྱི་ཆོ་གས་སྣེ་དྲངས་ཏེ་སྒོམ་རྒྱག་སྟངས་དང་སྒོམ་གྱི་ཕན་ཡོན་སོགས་ཀྱི་སྐོར་ལ་བཀའ་ཁྲིད་གནང་མུས་ཡིན་པ་རེད་འདུག ཐེངས་འདིར་བཀའ་བརྒྱུད་ནང་བསྟན་མཐོ་སློབ་ཁང་ནས་གདན་ཞུས་ལྟར་བསྟན་སྙིང་གི་ཁྲིད་ལུང་དང་། དམིགས་བསལ་གྲྭ་བཙུན་སྔགས་གསུམ་དང་བཅས་པ་ལ་སྒོམ་གྱི་ངོ་བོ་དང་། སྒོམ་རྒྱག་སྟངས་སོགས་ཀྱི་སྐོར་ལ་བཀའ་ཁྲིད་གནང་བ་བཅས།

དེཧ་ར་དཱུན་བདེ་སྐྱིད་གླིང་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བློ་བཟང་ནས།

མཆན། (0)
Share
དྲ་གནས་ཆ་ཚང༌།