སྐབས་གསར་པའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་ལྷན་ཚོགས།

2020-01-23
གློག་འཕྲིན།
མཆན།
Share
པར་བཀོད།
སྐབས་གསར་པའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་ལྷན་ཚོགས་དང་པོ། ༢༠༢༠།༡།༢༢
སྐབས་གསར་པའི་ཡོ་རོབ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བའི་ལྷན་ཚོགས་དང་པོ། ༢༠༢༠།༡།༢༢
OOT, Brussels

ཡོ་རོབ་གྲོས་ཉེ་དུས་གསར་དུ་འོས་འདེམས་བྱུང་བའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་ཀྱིས་བོད་ཐོག་ཐུགས་སྣང་ཡོད་པའི་ཚོགས་པའམ་(A Tibet Interest Group)་ཞེས་པའི་བོད་དོན་རྒྱབ་སྐྱོར་པ་ཞིག་གསར་བཙུགས་གནང་འདུག
ཡོ་རོབ་གྲོས་ཚོགས་ནང་གསར་བཙུགས་གནང་བའི་ཚོགས་པ་དེའི་ཚོགས་འདུ་ཐེངས་དང་པོ་དེ་འདི་ཚེས་༢༢་ཉིན་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་ལྕམ་(Molly Scott Cato)་མཆོག་གིས་གཙོ་སྐྱོང་གནང་བ་དང་། དེའི་ནང་གྲོས་ཚོགས་འཐུས་མི་(Petra De Sutter)་མཆོག་དང་། (MikulasPeksa)་མཆོག (IsabelSantos)་མཆོག (HeideHannes)་མཆོག (AusraMaldekeine)་མཆོག་དང་། (Martin Horwood)་བཅས་འཐུས་མི་བདུན་དང་། གྲོས་ཚོགས་འཐུས་མིའི་ཕྱག་རོགས་དགུ་ལྷན་བཞུགས་གནང་ཡོད་པ་དང་། དེའི་ཐོག་(Brussels)་ནང་བཅའ་བཞུགས་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ལས་བྱེད་པ་ཡང་ལྷན་བཞུགས་གནང་འདུག
བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ཚོགས་གཞོན་ཡིན་པ་གྲོས་ཚོགས་འཐུས་མི་ལྕམ་(ScottCato)་མཆོག་གིས་འདས་པའི་ཟླ་བ་འགའ་ཤས་ནང་ཁོང་གི་ལས་ཁུངས་དང་། སྐུ་ཚབ་དོན་གཅོད་ཁང་གཉིས་མཉམ་འབྲེལ་གྱི་སྒོ་ནས་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་གསར་པ་རྣམས་དང་ལྷན་དུ་འབྲེལ་ལམ་གནང་སྟབས་ཚོགས་པ་དེ་འཕོ་འགྱུར་ཞི་འཇམ་ངང་གནང་ཐུབ་སྐོར་གསུངས་འདུག
ཟླ་བ་འདིའི་ཟླ་མཇུག་ལ་ཡོ་རོབ་མཐུན་ཚོགས་ནས་དབྱིན་ཡུལ་ཕྱིར་འཐེན་གནང་སྐབས། ལྕམ་(Scott Cato)་མཆོག་ཡོ་རོབ་གྲོས་ཚོགས་ནས་ཕེབས་ཐོན་གནང་རྒྱུ་ཡིན་པ་རེད།
ཚོགས་འདུའི་ཐོག་ལྕམ་(Scott Cato)་མཆོག་གིས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ནས་ཡིན་པའི་ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་(Mikulas Peksa)་མཆོག་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ཚོགས་གཙོ་གསར་པར་བསྐོ་གནང་རྒྱུའི་འོས་མི་བཏོན་གནང་བར་སྐུ་ཚབ་དོན་གཅོད་བཀྲིས་ཕུན་ཚོགས་ལགས་ཀྱིས་ཁོང་གི་རྒྱབ་ལྗོངས་ཀྱི་ལོ་རྒྱུས་མདོར་བསྡུས་ངོ་སྤྲོད་གནང་བ་དང་། རྗེས་སུ་ཚང་མས་རྒྱབ་སྐྱོར་གནང་སྟབས་ཁོང་ཚོགས་པ་དེའི་ཚོགས་གཙོར་སྤྱི་མོས་ཐོག་ནས་འོས་འདེམས་བྱུང་འདུག
བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ཚོགས་གཙོ་གསར་པ་(Mikulas Peksa)་མཆོག་གིས་ཚོགས་པ་དེས་ཕྱག་ལས་གནང་ཕྱོགས་སོགས་ཀྱི་སྐོར་གཏམ་བཤད་གནང་སྐབས། ཡོ་རོབ་གྲོས་ཚོགས་ཀྱི་འཐུས་མི་རྣམས་དང་ཁོང་རྣམས་པའི་ཕྱག་རོགས་རྣམས་ཀྱིས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཞུགས་གནས་དང་། བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་ལ་ཕེབས་དགོས་པ་དང་། བོད་སྐོར་གྱི་གློག་བརྙན་གཟིགས་འབུལ་ཞུ་དགོས་པ། བོད་སྐོར་འགྲེམས་སྟོན་གནང་དགོས་པ། དེ་བཞིན་ཚོགས་འདུ་འཆར་ཅན་འཚོགས་དགོས་བ་དང་། ཁོང་གིས་བོད་དོན་རྒྱབ་སྐྱོར་ཚོགས་པ་དེའི་ནང་འཐུས་མི་མང་ཙམ་ཞུགས་རྒྱུར་འབད་བརྩོན་གནང་སྟེ་ཚོགས་པ་དེའི་ནུས་ཤུགས་ཆེ་རུ་གཏོང་འཆར་ཡོད་པ་སོགས་གསུངས་འདུག
ལྕམ་(De Sutter)་མཆོག་གིས་ད་དུང་ཡང་མུ་མཐུད་ནས་བོད་དོན་རྒྱབ་སྐྱོར་གནང་རྒྱུའི་གཏམ་བཤད་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།