བསོད་རྒྱལ་རིན་པོ་ཆེ་མཆོག་ཐེ་ལན་ནས་སྐུ་གཤེགས་འདུག

2019-08-28
གློག་འཕྲིན།
མཆན།
Share
པར་བཀོད།
རིག་པ་ཆོས་ཚོགས་ཀྱི་དབུ་འཛིན་བསོད་རྒྱལ་རིན་པོ་ཆེ་མཆོག
རིག་པ་ཆོས་ཚོགས་ཀྱི་དབུ་འཛིན་བསོད་རྒྱལ་རིན་པོ་ཆེ་མཆོག
Sogyal Rinpoche/FB

རིག་པ་ཆོས་ཚོགས་གསར་འཛུགས་གནང་མཁན་བསོད་རྒྱལ་རིན་པོ་ཆེ་མཆོག་དགུང་ལོ་༧༢་ཐོག་ཐེ་ལན་ནས་སྐུ་གཤེགས་འདུག
དེ་ཡང་གནས་ཚུལ་ལྟར་ན། འདི་ཚེས་༢༨་ཉིན་རྒྱབ་ཚོུད་དང་པོ་སྟེང་། རིག་པ་ཆོས་ཚོགས་གསར་འཛུགས་གནང་མཁན་བསོད་རྒྱལ་རིན་པོ་ཆེ་མཆོག་ཐེ་ལན་གྱི་སྨན་ཁང་ཞིག་གི་ནང་སྐུ་གཤེགས་ཡོད་པ་རེད།
བསོད་རྒྱལ་རིན་པོ་ཆེ་ནི་ཕྱི་ལོ་ ༡༩༤༧་ལོར་བོད་དཀར་མཛེས་ཁུལ་གྱི་ཏྲེ་ཧོར་ལྭ་དཀར་ཞེས་པའི་ཁྱིམ་ཚང་དུ་སྐུ་འཁྲུངས་ཤིང་། འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་རིན་པོ་ཆེས་ཉག་བླ་བསོད་རྒྱལ་ལམ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་དབུ་བླའི་གྲས་སྤྲུལ་པའི་གཏེར་ཆེན་ལས་རབ་གླིང་པའི་ཡང་སྲིད་དུ་ངོས་འཛིན་མཛད་པ་དང་། དབང་ལུང་མན་ངག་ཐམས་ཅད་གནང་ནས་གསོ་སྐྱོང་མཛད་ནས་བཙན་བྱོལ་དུ་ཕེབས་དགོས་བྱུང་བ་སྟེ། ༧གོང་ས་མཆོག་གིས་དབུས་རིས་མེད་ཀྱི་བླ་ཆེན་དུ་མ་ཞིག་དང་། བྱེ་བྲག་ཏུ་སྔ་འགྱུར་རྙིང་མ་པའི་བླ་ཆེན་བདུད་འཇོམས་རིན་པོ་ཆེ་དང་། དིལ་མགོན་མཁྱེན་བརྩེ་རིན་པོ་ཆེ་སོགས་བླ་ཆེན་མང་པོའི་ཞབས་ལ་གཏུགས་ནས་དབང་ལུང་མན་ངག་དུ་མ་ཞུས་གནང་ཡོད་པ་རེད།
དུས་སྐབས་དང་སངས་རྒྱས་ཀྱི་བསྟན་པའི་དགོས་མཁོར་དམིགས་ནས་དབྱིན་ཇིའི་སྐད་ཡིག་ལ་སློབ་སྦྱོང་མཛད་གནང་ནས་དབྱིན་ཇིའི་ཐོག་ནས་ཆོས་གསུངས་པ་སོགས་ཀྱིས་ཕུལ་དུ་བྱུང་བའི་གྲུབ་འབྲས་བྱུང་གནང་ཡོད་པ་རེད། ལྷག་པར་དུ་ཁོང་གིས་(The Tibetan Book of Living and Dying)་ཞེས་པ་འཆི་གསོན་ཉམས་ལེན་བྱེད་ཚུལ་གྱི་ཁྲིད་ཡིག་ཅེས་པའི་དེབ་ཅིག་དབྱིན་ཡིག་གི་ཐོག་ནས་བརྩམས་གནང་ཡོད་པ་དང་། དེབ་དེ་སྐད་རིགས་མི་འདྲ་བ་༣༥་ཙམ་གྱི་ནང་བསྒྱུར་གནང་ཡོད་པ་མ་ཟད། རྒྱལ་ཁབ་མི་འདྲ་བ་༥༠ལྷག་གི་ནང་དུ་པར་བསྐྲུན་གནང་འདུག  དཔེ་དེབ་དེ་ལ་མཚོན་ན་ཕྱི་རྒྱལ་ཁག་ནས་དེབ་གྲངས་ས་ཡ་གསུམ་དང་། རྒྱ་ནག་ཏུ་དེབ་གྲངས་ས་ཡ་བཞི་འགྲེམས་ཚོང་གནང་ཡོད་པའི་ལོ་རྒྱུས་འདུག  
བསོད་རྒྱལ་རིན་པོ་ཆེ་མཆོག་གིས་རྒྱལ་སྤྱིའི་རིག་པ་ཆོས་ཚོགས་ཞེས་ཕྱི་ལོ་༡༩༧༥་ལོ་ཙམ་ལ་དབྱིན་ཇིའི་རྒྱལ་ས་ལོན་ཌོན་ཏུ་གསར་འཛུགས་གནང་སྟེ། ད་ལྟའི་ཆར་ལྟེ་གནས་གཙོ་བོ་ལས་རབ་གླིང་ནི་ཡོ་རོབ་ཀྱི་རྒྱལ་ཁབ་ཧྥ་རན་སིར་ཡོད་པ་རེད། སྤྱིར་འཛམ་གླིང་གི་རྒྱལ་ཁབ་༣༠་ཙམ་གྱི་ནང་དུ་ཆོས་ཚོགས་གྲངས་༡༠༠་ལྷག་ཙམ་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།