༧གོང་ས་མཆོག་གིས་ཆོས་འབྲེལ་གནང་འཆར་འདུག

2017-02-27
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག ༢༠༡༧།༡
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག ༢༠༡༧།༡
OHHDL

༧གོང་ས་མཆོག་གིས་མི་རིང་བའི་ཆོ་འཕྲུལ་ཟླ་བར་ཉིན་གསུམ་རིང་གཙུག་ལག་ཁང་དུ་ཆོས་འབྲེལ་གནང་འཆར་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། སྤྱི་ལོ་༢༠༡༧་ལོའི་བཞུགས་སྒར་ཁུལ་གྱི་ཆོས་འབྲེལ་མཛད་འཆར་ཁག་ཅིག་ཡོད་པ་ནས་ཐོག་མར་ཕྱི་ཟླ་གསུམ་པའི་ཚེས་༡༢་ནས་འགོ་བཙུགས་ཀྱིས་ཉིན་གྲངས་གསུམ་རིང་ཆོ་འཕྲུལ་ཟླ་བའི་ཆོས་འབྲེལ་སྩལ་གནང་འཆར་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་ཟླ་གསུམ་པའི་ཚེས་བཅུ་གཉིས་སྟེ། ཆོ་འཕྲུལ་ཟླ་བའི་ཚེས་བཅོ་ལྔ་ཉིན་བཞུགས་སྒར་རྡ་རམ་ས་ལའི་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་སྔར་ལམ་བཞིན་སྟོན་པའི་སྐྱེས་རབས་ཀྱི་ཆོས་འབྲེལ་སྩལ་གནང་རྒྱུ་ཡིན་པ་རེད་འདུག
དེ་ནས་ཚེས་བཅུ་གསུམ་དང་བཅུ་བཞི་ཉིན་གྲངས་གཉིས་རིང་སྒོམ་རིམ་བར་མ་དང་། རྒྱལ་སྲས་ཆེན་པོ་ཐོགས་མེད་ཀྱི་མཛད་པའི་ལག་ལེན་སོ་བདུན་པའི་བཀའ་འཁྲིད་སྩལ་གནང་རྒྱུ་བཅས་ཆོ་འཕྲུལ་ཟླ་བའི་རིང་ཆོས་འབྲེལ་ཁག་ཅིག་སྩལ་གནང་མཛད་རྒྱུ་ཡིན་པ་བཀོད་གནང་འདུག
ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཞུགས་སྒར་རུ་སྩལ་གནང་མཛད་རྒྱུའི་མཛད་འཆར་ཁོངས་སུ། འདི་ལོའི་ཕྱི་ཟླ་བརྒྱད་པའི་ཚེས་ཉི་ཤུ་དགུ་ནས་ཕྱི་ཟླ་དགུ་པའི་ཚེས་གཅིག་བར་ཉིན་གྲངས་བཞིའི་རིང་ཐེག་ཆེན་གཙུག་ལག་ཁང་དུ་ཨེ་ཤ་ཡའི་ཡུལ་གྲུ་ཀོ་རི་ཡ་དང་། མ་ལེ་ཤེ་ཡ། ཝེཏ་ནམ། སིང་གྷ་པུར། ཐའེ་ལན་དྲི་བཅས་པའི་དད་ལྡན་པ་ཚོས་ཇི་ལྟར་གསོལ་འདེབས་ཞུས་གནང་བ་བཞིན་འགྲེལ་པ་བྷུ་ད་པ་ལི་ཏའི་བཀའ་འཁྲིད་སྩལ་གནང་རྒྱུ་བཅས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།

མཆན། (0)
Share
དྲ་གནས་ཆ་ཚང༌།