༸གོང་ས་མཆོག་རྡོ་རྗེ་གདན་གྱི་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་འཁོད་པ།

2020-01-20
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་རྡོ་རྗེ་གདན་གྱི་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་འཁོད་པ། ༠༡།༢༠།༢༠༢༠
༸གོང་ས་མཆོག་རྡོ་རྗེ་གདན་གྱི་མཛད་འཕྲིན་ལེགས་གྲུབ་ཀྱིས་བཞུགས་སྒར་དུ་༸ཞབས་སོར་འཁོད་པ། ༠༡།༢༠།༢༠༢༠
Photo: RFA

བོད་མིའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་ཁུལ་དུ་མཛད་འཕྲིན་རྒྱ་ཆེར་བསྐྱངས་ཏེ། སྤྱི་ཟླ་ ༡  ཚེས་ ༢༠ ཉིན་བཞུགས་སྒར་དུ་ཞབས་སོར་བདེ་བར་འཁོད་ཡོད་པ་དང་།  སྐབས་དེར་བཞུགས་སྒར་གནས་འཁོད་སེར་སྐྱ་ཕོ་མོ་ཚོས་དགའ་དད་སྤྲོ་གསུམ་གྱི་སྒོ་ནས་ཕེབས་བསུ་ཞུས་འདུག དེ་ཡང་ཕྱི་ཟླ་ ༡ ཚེས་ ༡༨ ཉིན་རྒྱ་གར་བྷི་ཧར་མངའ་སྡེའི་པཏྲི་ནཱ་གྲོང་ཁྱེར་དུ་རྟེན་གཞི་བྱས་པའི་ཁྲིམས་ལུགས་མཐོ་རིམ་སློབ་གཉེར་ཁང་ལ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཆིབས་བསྒྱུར་གྱིས་ད་ཆ་རྒྱ་ནག་གི་འགོ་ཁྲིད་མཐོ་ཤོས་ཁག་ཅིག་གིས། དྲག་གནོན་གྱི་སྲིད་བྱུས་ནི་ནོར་འཁྲུལ་ལམ་ལྷོངས་ཡོང་གི་མེད་པ་ཤེས་ཚོར་གྱིས། བོད་ཀྱི་གནད་དོན་སེལ་བར་དངོས་ཡོད་དང་མཐུན་པའི་ཐབས་ལམ་ཐོག་བསམ་བློ་གཏོང་གི་འདུག་ཅེས་གནས་ཚུལ་བསན་ཡོད་པ་བཀའ་བསྩལ་གནང་མཛད་ཡོད་པ་རེད། ད་དུང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལོ་ ༧༠ ལྷག་གི་རིང་རྒྱ་ནག་དམར་པོའི་གཞུང་གིས་བོད་ཐོག་དྲག་གནོན་དང་། བོད་མི་ས་ཡ་གཅིག་ཙམ་དམར་གསོད་བཏང་ཡོད་ནའང་།  བོད་མི་ཚོའི་སྙིང་སྟོབས་ནམ་ཡང་ཞུམ་མེད་པ་དང་། རྒྱ་ནག་ཧན་མི་རིགས་རྣམས་སྤོབས་པ་ལྡན་པའི་མི་རིགས་ཤིག་ཡིན་པ་དང་མཚུངས་པར།  བོད་མི་རྣམས་ཀྱང་རིག་གཞུང་གཏིང་ཟབ་དང་སོ་སོའི་མི་རིགས་ལ་ཧ་ཅང་སྤོབས་པ་ཡོད་པ་གཅིག་འགྱུར་རེད་ཅེས་བཀའ་བསྩལ་ཡོད་པ་རེད། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ད་དུང་།  དེང་གི་འཛམ་གླིང་འདིར་རྩོད་རྙོག་མང་པོ་ཡོང་བཞིན་པར་བརྟེན།  མཚོན་ཆ་དང་འཚེ་བའི་ཐབས་ལམ་དག་དོར་ཏེ་ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་ཐབས་གནང་དགོས་པ་དང་།  ང་ཚོ་འགྲོ་བ་མི་ཡོངས་རྫོགས་གཅིག་གྱུར་གྱི་འདུ་ཤེས་དགོས་གལ་ཆེ་བ་སོགས་བཀའ་གནང་བ་དང་འབྲེལ། རྒྱ་གར་གྱི་གནའ་བོའི་སྙིང་རྗེ་དང་འཚེ་བ་མེད་པའི་བསམ་བློ་ནི་དེང་སང་གི་འཛམ་གླིང་ལའང་དགོས་གལ་ཆེ་བ་བཀའ་སྩལ་གནང་མཛད་ཡོད་པ་རེད། ༧གོང་ས་༧སྐྱབས་མགོན་ཆེན་པོས་ད་དུང་།  ལོ་ངོ་སུམ་སྟོག་ལྷག་རིང་གི་རྒྱ་གར་གྱི་གནའ་བོའི་སྙིང་རྗེ་དང་འཚེ་བ་མེད་པའི་བསམ་བློ་དེ་ནི།  བདེ་སྐྱིད་ལྡན་པའི་སྤྱི་ཚོགས་དང་ཁྱིམ་ཚང་ཞིག་ཡོང་བའི་གཞི་རྩ་ཆགས་ཀྱི་ཡོད་ཁར།  འཛམ་གླིང་བདེ་སྐྱིད་ལྡན་པ་ཞིག་ཡོང་མིན་ལའང་རང་བཞིན་གྱིས་འབྲེལ་བ་ཆགས་ཡོད་པར་བརྟེན། ལོ་ངོ་སྟོང་ཕྲག་ཡར་སྔོན་དུ་དར་བའི་རྒྱ་གར་གྱི་སྙིང་རྗེ་དང་འཚེ་བ་མེད་པ་གཉིས་ནི། འཛམ་གླིང་ལ་དགོས་ངེས་ཅན་ཞིག་ཆགས་ཀྱི་ཡོད་པ་དང་། དེ་གཉིས་ཁྱབ་སྤེལ་ཡོང་བར་ཆོ་ག་ཕྱག་ལེན་གྱིས་མི་ཕན་པར། ཤེས་ཡོན་སློབ་གསོའི་ལམ་ནས་སྤེལ་དགོས་པར་དྲན་སྐུལ་གནང་ཡོད་པ་རེད། ད་རེས་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་ཀྱི་ཆིབས་སྒྱུར་མཛད་འཕྲིན་འདིའི་སྐབས།  ལྷོ་ནུབ་གྷོ་བ་མངའ་སྡེ་དང་།  ཀར་ན་ཊ་ཀ་མངའ་སྡེའི་མོན་གྷོ་འདོད་རྒུ་གླིང་ས་གནས་སུ་ཆགས་པའི་གདན་ས་ཆེན་པོ་འབྲས་སྤུངས་དང་དགའ་ལྡན་དགོན་པ།  དེ་མིན་བྷི་ཧར་མངའ་སྡེའི་གནས་མཆོག་རྡོ་རྗེ་གདན་བཅས་སུ་ཆིབས་བསྒྱུར་མཛད་འཕྲིན་རྒྱ་ཆེ་བསྐྱངས་གནང་མཛད་ཡོད་པ་རེད།།

མཆན། (0)
Share
དྲ་གནས་ཆ་ཚང༌།