རྒྱ་ནག་གཞུང་གིས་ཁྲིམས་རྩོད་པ་དང་དམངས་གཙོ་དོན་གཉེར་བ་ཁག་ཅིག་བཀག་ཉར།

2020-01-02
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་པེ་ཅིང་དུ་ཉེན་རྟོག་པས་ལག་འཁྱེར་ཞིབ་གཤེར་བྱེད་བཞིན་པ། ༢༠༡༩།༥།༣༡
རྒྱ་ནག་པེ་ཅིང་དུ་ཉེན་རྟོག་པས་ལག་འཁྱེར་ཞིབ་གཤེར་བྱེད་བཞིན་པ། ༢༠༡༩།༥།༣༡
AP

སྤྱི་ལོ་གསར་བ་མ་ཚེས་སྔོན་རྒྱ་ནག་གཞུང་གིས་རྒྱལ་ནང་གི་ཁྲིམས་རྩོད་པ་དང་དམངས་གཙོ་དོན་གཉེར་བ་ཁག་ཅིག་འཛིན་བཟུང་བཀག་ཉར་བྱས་ནས་དམ་དྲག་བྱས་འདུག
འདས་ལོ་༢༡༠༩་ལོའི་ལོ་མཇུག་ལ་དམངས་གཙོའི་ཚོགས་འདུ་ཞིག་གི་ནང་མཉམ་ཞུགས་བྱེད་མཁན་རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་སྐུ་ཞབས་(DingJiaxi)་གཙོས་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་མི་གྲངས་བཅུ་གཉིས་ལྷག་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་འདུག
དེ་ནི་འདས་མ་ཐག་པའི་སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་༡༢་པའི་ཚེས་༡༣་ཉིན། རྒྱ་ནག་གི་ཤར་ཕྱོགས་ཞིང་ཆེན་ཧྥུ་ཅན་(Fujian)་ཡི་མཚོ་ཁའི་གྲོང་ཁྱེར་ཞ་མེན་(Xiamen)་ནང་ཚོགས་པའི་རྒྱ་ནག་ནང་དམངས་གཙོའི་འཕོ་འགྱུར་ཞེས་པའི་ཚོགས་འདུའི་ནང་མཉམ་ཞུགས་གནང་མཁན་རྒྱ་རིགས་ཁྲིམས་རྩོད་པ་དང་། མང་གཙོ་དོན་གཉེར་བ་ཚོ་རྒྱ་ནག་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་སྐོར་ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ནང་ཡོད་པའི་འགྲོ་བ་མིའི་རྟོག་ཞིབ་ཚོགས་པའི་ཉམས་ཞིབ་པ་(WangYaqiu)་ཡིས་ཕ་རན་སིའི་གསར་ལས་ཁང་ལ་བརྗོད་འདུག ད་དུང་ཁོང་ནས་རྒྱ་ནག་གཞུང་གིས་ལོ་ལྟར་ཡི་ཤུའི་སྟོན་པའི་འཁྲུངས་སྐར་དུས་ཚེས་དང་། སྤྱི་ལོ་གསར་ཚེས་ཀྱི་དུས་སྐབས་ལ་རྒྱ་ནག་གཞུང་དང་ལྟ་སྤྱོད་མི་མཐུན་མཁན་ཚོ་འཛིན་བཟུང་དང་ཉེས་ཆད་གཏོང་སྲོལ་ཡོད་པ་ལྟར། དུས་ཚོད་དེ་རང་ལ་གོང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོ་འཛིན་བཟུང་བྱ་རྒྱུའི་ལས་དོན་བརྩམས་པ་ཡིན་སྐོར་དང་། རྒྱ་རིགས་མང་གཙོ་དོན་གཉེར་བ་དེ་དག་གིས་ཞི་བའི་ཐོག་ནས་ཆབ་སྲིད་སྐོར་སྒེར་གྱི་ཁང་པ་ཞིག་གི་ནང་གྲོས་བསྡུར་བྱས་པར་བརྟེན་འཛིན་བཟུང་བྱས་པ་ཡིན་ལུགས་ཀྱང་གསུངས་འདུག
ཡང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཚོགས་པ་ལྟར་ན། དེ་སྔོན་ལྐོག་ཟ་རུལ་སུངས་བྱེད་མཁན་རྒྱ་མིའི་དཔོན་རིགས་ཚོར་ངོ་རྒོལ་གནང་བའི་རྐྱེན་གྱིས་བཙོན་འཇུག་བྱས་པ་དང་། ཁྲིམས་རྩོད་པ་བྱེད་མི་ཆོག་པའི་དམ་དྲག་བྱས་པ་སྐུ་ཞབས་(DingJiaxi)་ཡང་སྔ་ལོའི་ཕྱི་ཟླ་༡༢་པའི་ཚེས་༢༦་ཉིན། རྒྱ་ནག་རྒྱལ་ཡོངས་ནང་མི་སྣ་བཀག་ཉར་བྱས་པའི་ཁོངས་སུ་ཡོད་སྐོར་དང་། ཧྲན་ཏུང་(Shandong)་ནང་གི་རྒྱ་རིགས་ཁྲིམས་རྩོད་པ་གྲགས་ཅན་(LiuShuqing)་གཙོས་པའི་མི་སྣ་བདུན་བཀག་ཉར་བྱས་པ་དང་། (Liu)་ལ་འདྲི་རྩད་བྱས་པའི་རྗེས་སུ་གློད་བཀྲོལ་བཏང་ཡོད་ཀྱང་མང་གཙོ་དོན་གཉེར་བ་(ZuZhiyong)་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་(TangJingling)་ཐེ་བའི་སྤྱི་ཚོགས་ནང་གི་གལ་ཆེའི་མི་སྣ་འགའ་ཤས་གར་སོང་ཆ་མེད་དུ་གྱུར་སྐོར་བརྗོད་འདུག
འཛིན་བཟུང་བཀག་ཉར་བྱས་པའི་ཁོངས་ནས་མ་མཐར་ཡང་(DaiZhenya)་དང་(ZhangZhongshun)་གཉིས་ལ་རྒྱལ་ཁབ་མགོ་རྟིང་སློག་པར་རྒྱུད་སྐུལ་བྱས་པའི་ནག་ཉེས་བཙུགས་ཡོད་པ་དང་། དེ་ནི་རྒྱ་ནག་གཞུང་དང་ཆབ་སྲིད་ཀྱི་ལྟ་སྤྱོད་མི་མཐུན་མཁན་ཚང་མར་ནག་ཉེས་དེ་བཙུགས་ཀྱི་ཡོད་པ་རེད།
སྤྱི་ལོ་༢༠༡༢་ལོར་ཞི་ཅིང་ཕིང་གིས་རྒྱ་ནག་གི་སྲིད་འཛིན་གྱི་དབང་ཆ་བཟུང་པའི་རྗེས་སྤྱི་མང་གི་ཐོབ་ཐང་ཐོག་དམ་དྲག་བྱེད་ཤུགས་ཆེ་རུ་བཏང་སྟེ། ཁྲིམས་རྩོད་པ་དང་ངལ་རྩོལ་བའི་ཐོབ་ཐང་རྩོད་ལེན་པ། ཐ་ན་མར་ཁེ་སེའི་དམར་པོའི་ལྟ་གྲུབ་འཛིན་མཁན་སློབ་ཕྲུག་ཚོ་འཛིན་བཟུང་དོ་དམ་བྱེད་ཀྱི་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།